སྨིན་གྲོལ་གླིང་དང་བཀའ་མའི་དབང་གི་སྐོར།

༈  དེ་ཡང་སྐུ་གསུམ་གྱི་སྟོན་པ་རྒྱ་མཚོས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་སུ་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་ནས་གདུལ་བྱ་སོ་སོའི་མོས་པ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་བ་སྟེ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། གསུངས་ཚུལ་དགོངས་པ་གསུམ་དང་བཅས། །གཉེན་པོ་བསྡུ་དང་དབང་པོའི་དོན། །ཚིག་རྣམས་བསྡུས་ཏེ་བསྟན་པར་བྱ། །ཞེས་གསུངས་པ་བཞིན། འདོད་ཆགས། ཞེ་སྡང་། གཏི་མུག དུག་གསུམ་ཆ་མཉམ་གྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་འདུལ་བ། མདོ་སྡེ། མངོན་པ། རིག་པ་འཛིན་པའི་སྡེ་སྣོད་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དང་། དབང་པོའི་དོན་དུ་གསུངས་པ་ཐེག་པ་རིམ་པ་དགུ་དང་། སྙིང་པོ་བསྡུས་པའི་དོན་དུ་གསུངས་པ་སྔགས་ཕྱི་ནང་སོགས་བསྟན་པའི་ཆོས་ཀྱི་དབྱེ་བ་དཔག་ཏུ་མེད་པ་བཞུགས་པ་མཐའ་དག་གི་སྙིང་པོ་ལས་ཀྱང་ཡང་སྙིང་སྔ་འགྱུར་བཀའ་མ་ཞེས་ཡོངས་སུ་གྲགས་པའི་ཆོས་ཀྱི་ཚོམ་ཆེན་པོ་སྟེ། སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེའི་བྱིན་རླབས་དང་། སྔ་འགྱུར་རྒྱལ་བློན་ལོ་ཙཱ་རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་བཀའ་དྲིན་དཔག་ཏུ་མེད་པའི་མཐུ་དང་། ཁྱད་པར་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཆོས་ཀྱི་རྒྱལ་པོ་ཨྱོན་གཏེར་བདག་གླིང་པ་དང་། ལོ་ཆེན་དྷརྨ་ཤྲཱི་སྐུ་མཆེད་ཟུང་གི་ཐུགས་བསྐྱེད་དང་འཕྲིན་ལས་བླ་ན་མེད་པའི་བདག་རྐྱེན་གྱིས་སྔ་འགྱུར་བཀའ་མའི་འཕྲིན་སྒྲུབ་དང་དཀྱིལ་ཆོག་ཕྱག་བཞེས་སོགས་གསར་དུ་མཛད་པས་བོད་གངས་ཅན་གྱི་སྔ་འགྱུར་པའི་དགོན་སྡེ་ཡོངས་ལ་བཀའ་མའི་སྒྲུབ་མཆོད་ཆེན་མོ་ཞེས་ད་ལྟའི་བར་དུ་དར་ཞིང་རྒྱས་པར་གྱུར་པ་འདིའོ། བོད་ཀྱི་བསྟན་སྲིད་ཉག་ཕྲ་བའི་གཉན་འཕྲང་གི་མུན་སྟུག་ཕྱོགས་ཀུན་ནས་བརྡོལ་ན་ཡང་། ཐུགས་བསྐྱེད་དུས་སུ་སྨིན་པའི་སྐྱེས་ཆེན་རེ་ཟུང་གིས་བསྟན་འགྲོའི་རྒུད་མུན་རིང་དུ་བྱེད་པའི་འཕྲིན་ལས་དུས་ལས་ཡོལ་མི་སྲིད་པས། འཕགས་པའི་ཡུལ་དུ་རྗེ་གཏེར་ཆེན་༧སྐྱབས་རྗེ་འདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་རིང་བརྒྱུད་བཀའ་མའི་ཆུ་བོ་མ་ཉམས་པ་བཞུགས་པ་བཀའ་མའི་ཆོས་ཀྱི་ཚོམ་ཆེན་པོ་རྩ་བ་དང་རྒྱབ་ཆོས་ཀྱིས་དབྱེ་བའི་སྐོར་ཚོ་གཉིས་སུ་ཕྱེས་ནས་སྔ་འགྱུར་བཀའ་མའི་གླེགས་བམ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཞུགས་སུ་ཡོད་པ་ལས། ད་ལན་འཕགས་ཡུལ་འོག་མིན་ཨྱོན་སྨིན་གྲོལ་གླིང་དུ། ༧སྐྱབས་རྗེ་སྨིན་གླིང་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་དཔལ་བཟང་པོ་གང་གི་ཞལ་སྔ་ནས་སྔ་འགྱུར་བཀའ་མའི་རྩ་བའི་ཆོས་སྡེར་གཏོགས་པ་རྣམས་ཀྱི་དབང་ལུང་ཚངས་སྤྲུགས་སུ་བསྩལ་བར་ཐུགས་གཏན་འཁེལ་བ་ཡོངས་ཁྱབ་གསལ་བསྒྲགས་སྔོན་སོང་བཞིན། སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༡ པའི་ ཚེས་ ༣༠ ནས་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་   ༠༡   པོའི་ ཚེས་ ༡༣ བར་བཀའ་དབང་གནང་རྒྱུ་ཡིན་པས་དམ་ཆོས་དོན་གཉེར་ཅན་རྣམས་དེ་བཞིན་དགོངས་མངའ་ཡོད་པ་ཞུ།

ཞེས་བཀའ་མའི་དབང་གི་གོ་སྒྲིག་ཚོགས་ཆུང་ནས་

                                                                ཕུལ།།

error: Content is protected !!